R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༢
[A:༣༠༢]ཙམ་སོང་ཞིང༌། འཁོར་ལོ་བདེ་མཆོག །དུས་ཀྱི་འཁོར་ལོ། །དཔལ་རྡོ་རྗེ་འཇིགས་བྱེད། འཕགས་པ་དོན་ཡོད་ཞགས་པ། འཇམ་དབྱངས་ཨ་ར་པ་ཙ་ན། ལྷ་མོ་ནོར་རྒྱུན་མ། བྷ་ཡ་ན། ཆོས་སྐྱོང་ཆེ་ཆུང་རྣམས་ལ་གཞིའི་བསྙེན་པ་ཡོངས་སུ་རྫོགས་པ་རེ་རེ་མཛད་ཅིང་དུས་རྒྱུན་དུ་ཐོ་རེངས་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ནས། བིར་སྲུང་ཐུན་མོང་མ་ཡིན་པ། ཚར་གསུམ་ཁུག་པའི་ཉམས་བཞེས། ཀུན་མཁྱེན་རོང་སྟོན་ནས་བརྒྱུད་པའི་ཚེ་སྒྲུབ། སྒྲ་མི་སྙན་པའི་ཚེ་སྒྲུབ། ཐུགས་རྗེ་ཆེན་པོའི་མིག་འབྱེད། དོན་ཞགས་ཀྱི་ཐུགས་དམ་གཟུངས་རིང་ཚར་བདུན་དང་བཅས་པ། མི་འཁྲུགས་པའི་དཀྱིལ་འཁོར་གྱི་བསྒོམ་བཟླས། ནོར་རྒྱུན་མ་ལྷ་བཅུ་དགུའི་བསྒོམ་བཟླས་གཏོར་མ་འབུལ་བ་དང་བཅས་པ་རྣམས་མཛད། དེ་ནས་ལུས་སྦྱོང་ཉི་ཤུ་པ་དང༌། རྣལ་འབྱོར་གྱི་འཕྲིན་ལས་སོ་གཉིས་ལ་སོགས་པའི་རླུང་འཁྲུལ་འཁོར་རྒྱས་པར་མཛད་དེ། དཀར་གཏོར་ཆ་བཞིར་གྲགས་པ་དང༌། དཔལ་རྡོ་རྗེ་འཇིགས་བྱེད་ས་ལུགས། བདེ་མཆོག་ལོ་དྲིལ། དུས་ཀྱི་འཁོར་ལོ། ནཱ་རོ་མཁའ་སྤྱོད་རྣམས་ཀྱི་སྒོམ་བཟླས་མཛད། དེ་ནས་ལམ་ཟབ་ཕྱི་ནང་སྦྲགས་པ་སྔོན་དུ་འགྲོ་བའི་དཔལ་ཀྱེ་རྡོ་རྗེའི་ཕྱི་ནང་གི་བསྐྱེད་རིམ་གསལ་བཏབ་སྟེ་དབང་བཞི་རྒྱས་པར་བཞེས་པའི་མཐར་རྫོགས་རིམ་གྱི་ཏིང་ངེ་འཛིན་ཟབ་མོ་ལ་ཡུན་རིང་དུ་མཉམ་པར་བཞག་པའི་རྗེས་སུ་རྩ་སྔགས་ལྔ་བཅུ་རྩ་གཅིག་ལ་སོགས་པའི་བཟླས་པར་མཛད། དེ་ནས་དཔལ་གུར་གྱི་མགོན་པོའི་སྲུང་བའི་འཁོར་ལོ། རྡོ་རྗེ་བྲག་རྫོང་མ་ཡི་གེ་བདུན་པ་ལྔ་བརྒྱ། ཤཱ་ས་ན་བརྒྱ་རྩ་ཙམ་གྱི་བཟླས་པ་མཛད་ནས་ཡི་དམ་དང་ཆོས་སྐྱོང་རྣམས་ལ་གཏོར་བསྔོས་ཚར་རེ། གཞན་ཡང་ཞལ་བཞི་པའི་སྲུང་འཁོར། འཇམ་དབྱངས་ཨ་ར་པ་ཙ་ན། ཕྱག་ན་རྡོ་རྗེ་ཨུ་