R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༠
[A:༣༠༠]པའི་རིན་ཆེན་བྱང་ཆུབ་སེམས། །བདག་གཞན་བརྗེ་བར་ནུས་པའི་ལྷག་བསམ་ཅན། །སྙིགས་མའི་དུས་འདིར་དམ་པ་ཁྱེད་ལས་གཞན། །གཟུ་བོར་གནས་པའི་བློ་ཡིས་རྙེད་པར་དཀའི། །ཙནྡན་ཏེ་འུར་མཚུངས་པ་ཁ་དཔགས་ན། །ཀུན་རྫོབ་བྱང་སེམས་འབྱོངས་པ་ལྟ་ཅི་སྨོས། །སྲིད་ཞི་མཉམ་ཉིད་དོན་དམ་བྱང་ཆུབ་སེམས། །བློ་འདས་ཆོས་ཀྱི་དབྱིངས་དེ་རྟོགས་པར་ངེས། །སྲས་བཅས་རྒྱལ་བ་ཀུན་གྱིས་དགའ་བཞིན་དུ། །ལན་བརྒྱར་ལེགས་པར་བསྔགས་པའི་བྱང་ཆུབ་སེམས། །སྙིང་རྗེ་དང་བཅས་གཉིས་མེད་བློ་གྲོས་ཀྱིས། །རྒྱུད་ཕྱུག་རྒྱལ་སྲས་ཐུ་བོ་འདི་ངོ་མཚར། །དེ་ལྟར་གཞན་ལ་རྗེས་སུ་བརྩེ་བའི་རྒྱལ་བའི་མྱུ་གུ་རྣམས་ནི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྤོང་བའི་ཐབས་ལ་འབད་པ་ཆོས་ཉིད་ཡིན་ལ། དེའང་དུས་རིང་པོ་མ་ཡིན་པར་མྱུར་བ་ཉིད་དུ་རྫོགས་པའི་བྱང་ཆུབ་ལ་འགོད་པར་བཞེད་ནས། རྡོ་རྗེ་ཐེག་པའི་ཉེ་ལམ་དུ་འཇུག་པར་འགྱུར་བ་ལས། བདག་ཅག་གི་མཆོག་གི་དཔལ་ལྡན་བླ་མ་དམ་པ་འདིས་སྔར་བཤད་པ་ལྟར་མཚན་ཉིད་དང་ལྡན་པའི་རྡོ་རྗེ་སློབ་དཔོན་དེ་དག་ལས་རྒྱུད་སྡེ་ཆེན་པོ་བཞི་དང་རྗེས་སུ་འབྲེལ་བའི་དཀྱིལ་འཁོར་ཆེན་པོ་རྣམས་སུ་དབང་བསྐུར་བ་ཕྱིན་ཅི་མ་ལོག་པ་དུ་མ་ཞིག་གསན་པའི་དམ་ཚིག་དང་སྡོམ་པ་མཐའ་དག་ནོད་པར་མཛད་དེ། དབང་དུས་སུ་ཁས་བླངས་པའི་སྡོམ་པ། བྱ་བའི་རྒྱུད་ཀྱི་ལྟུང་བ་བཅུ་གསུམ་དང༌། སྤྱོད་པའི་རྒྱུད་ཀྱི་ལྟུང་བ་བཅུ་བཞི་དང༌། རྣལ་འབྱོར་རྒྱུད་ཀྱི་ལྟུང་བ་བཅུ་བཞི་དང༌། རྣལ་འབྱོར་བླ་མེད་ཀྱི་རྩ་བ་དང་ཡན་ལག་གི་ལྟུང་བ་ཉི་ཤུ་རྩ་གཉིས། གཞན་ཡང་བརྟེན་པ་དང༌། བཟའ་བ་དང༌། མི་འབྲལ་བའི་དམ་ཚིག་རྣམས་དང༌། བྱེ་བྲག་