R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༩༧
[A:༢༩༧]གཤིན་རྗེའི་ཁར་འགྲོ་བ་ལས་འོས་མེད་ཀྱང་རང་ལ་གནོད་པར་བྱེད་པའི་དགྲ་ལ་ཞེ་སྡང་གི་ཀུན་ནས་བླངས་ནས་མངོན་སྤྱོད་ཀྱི་ལས་རྩོམ་པ་ནི་ངན་སོང་གི་རྒྱུ་ཡིན་པར་དགོངས་ནས་ཆོས་སྐྱོང་རྣམས་ལ་དྲག་པོའི་འཕྲིན་ལས་ཞུ་བའམ། རང་ཕྱོགས་ཀྱི་ཆེན་པོ་རྣམས་ལ་དེ་དག་ཚར་གཅོད་པར་བསྐུལ་བ་སོགས་ཅི་ཡང་མ་མཛད་མོད། སྲུང་མའི་དབང་པོ་རྣམས་ནི་བསྟན་པ་ལ་སྡང་བ་རྣམས་ཉམས་པར་བྱེད་པ་ཆོས་ཉིད་ཡིན་པས་མ་བསྐུལ་བར་ཡང་འཕྲིན་ལས་མཛད་པའི་རྒྱུ་དང༌། རྗེ་བཙུན་འདི་ཉིད་སངས་རྒྱས་དངོས་སུ་གཟིགས་པའི་དད་པ་དང་ལྡན་པ་རྩིས་གནས་གསར་པ་ནང་སོ་ནམ་མཁའ་རྡོ་རྗེའི་དྲུང་གིས་ཉེ་བར་ལེན་པའི་རྐྱེན་མཛད་ནས་སྡེ་སྲིད་སེང་གེ་རྩེ་ནས་སྤྲིངས་ཡིག་མངགས་མི་དང་བཅས་པས་བདུད་ཀྱི་བརླམས་པའི་མ་རུངས་པ་དེ་དག་འགའ་ཞིག་ནི་སྲོག་གི་མཐར་བྱས། འགའ་ཞིག་ཡུལ་གཞན་དུ་བསྐྲད། སྐུ་འབུམ་པ་ཁོ་རང་བདུད་དང་མུ་སྟེགས་འཆལ་བའི་ཀླད་པ་རྣམ་པར་འགེམས་པའི་དུང་དང་གཎྜིའི་སྒྲ་དྲག་པོས་རྣམ་པར་བསྡིགས་བཞིན་དུ་རྒྱང་རིང་དུ་བསྐྲད་པ་ན། བདག་གི་བླ་མ་ཐུགས་རྗེ་ཆེན་པོས་རྒྱུད་བརླན་པ་འདི་ནི་རང་ཉིད་ཐུགས་ཟོས་བདེ་བར་འགྱུར་པ་ལ་དགྱེས་པ་ཅི་ཡང་མེད་པར་མ་རུངས་པ་དེ་དག་འཕྲལ་དང་ཡུན་གྱི་བདེ་བ་ལས་ཉམས་པའི་ཐུགས་ཁྲལ་གྱིས་བུ་གཅིག་པོ་ཤི་བའི་མ་བཞིན་དུ་སྤྱན་ཆབ་ཀྱི་རྒྱུན་བཟློག་ཏུ་མེད་པ་དང༌། སྙིང་རྗེ་རྗེ་སྐད་དུ་སྨྲེ་བར་མཛད་དོ། །ཞེས་ཐོས་སོ། །བདུད་སྡེ་བྱེ་བ་ཕྲག་བརྒྱ་ཁྱོད་ཀྱི་འཁོར། །ནམ་ཡང་བསྐྱོད་པར་ནུས་པ་མ་ལགས་མོད། །བདུད་བཞི་ལས་རྒྱལ་ཐུབ་པའི་དབང་པོའི་འཁོར། །རྩོད་པས་བྱེ་བར་བསྟན་དང་མཚུངས་མ་སྙམ། །བླ་མའི་དགྲར་གྱུར་བསྟན་ལ་རབ་སྡང་བ། །