R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༩༦
[A:༢༩༦]ནས་ནག་པོའི་ཕྱོགས་རྣམས་ཆེར་འཁྲུགས་པས་ཉེ་བར་བསླད་པའི་ཉེ་གནས་ཁ་ཅིག་གི་བུ་ལོན་གྱི་བརྒྱ་འབུལ་དང༌། རྩིས་ལོག་རྒྱ་འདྲེའི་བསྙེན་བཀུར་ནི་ཡང་ཡང་བྱེད། ཞེ་མ་ཞིམ་ངན་གཡོ་ཁྲམ་གསུམ་གྱི་དཀོར་མང་པོའི་ནུས་པས་སྐུ་འབུམ་པ་དཀོན་ཅོག་བཟང་པོ་ལ་སོགས་པ་བསོད་ནམས་དམན་ཞིང་མནར་མེད་པའི་དམྱལ་བ་ཆེན་པོར་རིངས་པར་ཆས་པ། དམ་པའི་ཆོས་ཀྱི་འཕྲོས་ཐོས་ན་བོང་རྒན་གྱི་མགོ་ལ་ཕད་རྡོ་བསྣུན་པ་ལྟར་འགྱུར་ལ། ཆོས་ཁྲིམས་དང་སྤྱི་ཁྲིམས་བཤིག་པ་དང༌། སྤྱི་ནོར་ལ་ནི་བྱ་རྒོད་ལྟོགས་པ་རོ་ལ་རྔམ་པ་བཞིན་སྟོབས་ཤ་འགྲན་པར་བརྩོན་པ་ཁ་ཅིག་གིས་གླགས་ལྟ་བར་སེམས་པ་ལས་སྐབས་རྙེད་དེ། དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་ཆད་དུ་འོས་པ་དེ་དང༌། དེ་དག་ནན་ཏན་དུ་བསྒྲུབས་ཤིང༌། རྣམ་པར་མི་འཚམ་པའི་བྱ་བ་ཁམ་པོ་ཆེ་དུ་མས་ཐུགས་དཀྲུགས་ཀྱང༌། སེམས་དཔའ་ཆེན་པོ་འདིས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པའི་ཐབས་སུ་མཁྱེན་པས་མི་དགྱེས་པ་ཅི་ཡང་མེད་པར་དེ་དག་ལ་དངོས་དང་བརྒྱུད་ནས་ལམ་ངན་པ་ལས་བཟློག་ཅིང༌། འཕྲལ་ཕུགས་སུ་ཕན་བདེ་འབྱུང་བའི་ཐབས་ཁོ་ན་མཛད་མོད། མ་རུང་པ་དེ་དག་ཞི་བས་འདུལ་བར་མི་འོས་པ་ཞིག་པས་ཅུང་ཟད་ཀྱང་ཕན་པར་མ་གྱུར་ཅིང༌། སླར་ནག་ཕྱོགས་ལ་དགའ་བའི་སྡེ་ཆེན་པོ་འགའ་ཞིག་གིས་ཀྱང་དེ་དག་གི་གྲོགས་བྱས་ཏེ་གནོད་པ་ཆེར་བསྒྲུབས་པ་ན་བདག་ཉིད་ཀྱི་འཁོར་དང་ལོངས་སྤྱོད་ལ་སོགས་པར་ཆགས་པ་མི་མངའ་ཞིང༌། གཞན་ལ་གནོད་པ་ཆུང་ངུ་ཡང་ཐུགས་ཀྱིས་མི་བཟོད་པས་ཁོང་རང་ཅི་དགར་བྱེད་དུ་བཅུག་གི་གཞན་དུ་ན་རྡོ་རྗེ་ཆོས་སྐྱོང་རྣམས་བྲན་བཞིན་དུ་འཁོལ་བ་འདིས་ཐུགས་ཁྲོས་པ་ཙམ་གྱིས་མ་རུངས་པ་དེ་དག་སྐད་ཅིག་ལ་