[A:༧༦] ལོ་ཉེར་གཉིས་པའི་དུས་སུ་དེ་ཀ་ཙ་ན་ཉལ་བའི་རྨི་ལམ་དུ་རྒྱ་གར་གྱི་ཡུལ་ཤར་ཕྱོགས་བྷ་རེནྡྲ་ནའི་ལྷོ་ཕྱོགས་ན་རི་ཆེན་པོ་ནགས་རྒྱས་པ་ཞིག་ཡོད་པ་དེ་ན་རི་ལ་དགོན་པ་ཞིག་ན་སྔགས་པའི་པཎྜི་ཏ་བགྲེས་པོ་ཞིག་ཡོད་པ་ལ། དེའི་བྱང་ན་ཡུལ་ཆེན་པོ་ཞིག་གི་བྱང་ངོས་སུ་རྒྱལ་པོས་ལྷ་ཁང་བརྩིགས་ནས་རབ་གནས་ཞུ་རུ་བྱུང་བས། ང་རྒས་ནས་མི་ནུས། ངའི་མིང་སྒོ་མཐའ་ཡས་པའི་བློ་གྲོས་བྱ་བ་ཡིན། མིང་དེ་སྒོ་གོང་དུ་བྲིས་ལ་ཞོག །དེས་བར་ཆད་སྲུང་བ་ཡིན། དེ་ནས་རབ་གནས་ངའི་སློབ་མ་པཎྜི་ཏ་གཞན་ཞིག་ལ་གྱིས་བྱས་སོ། །དེ་ནས་ཚེའི་དུས་བྱས་ནས་མ་ག་དྷ་བྱ་རྒོད་ཕུང་པོའི་རིའི་བྱང་ངོས་ན་བཙུན་པའི་པཎྜི་ཏ་རྒས་པོ་ཞིག་ཏུ་ཡོད་པ་ཚེའི་དུས་བྱས་ནས་ཨུ་རྒྱན་ཡུལ་གྱི་བྱང་གི་རི་ལ་དགོན་པ་ཞིག་ཡོད། དེའི་ཤོད་ན་ལྷ་ཁང་ཞིག་ན་འཁོར་རྣམས་ཡོད། དེའི་དཔོན་བཙུན་པའི་པཎྜི་ཏ་བགྲེས་པོ་ཞིག་ཏུ་ཡོད་པ་ཚེ་ལས་འདས། དེ་ནས་སྐྱེ་བ་གཅིག་ཡོད་མེད་བརྗེད། དེ་ནས་བོད་གཅུང་པའི་ཕུ་བྱང་དུ་བསྟན་པའི་མདའ་བྱེ་འཚུབ་ལྡང་བའི་ཤར་གྱི་གད་པའི་ལོགས་ནས་ཁ་བྱང་དུ་བལྟས་པ་ན་ཐེམ་པ་ལ་འཛེགས་པས་དགོན་པ་ཞིག་ཡོད། དེ་ན་ལྷོ་ཕྱོགས་ན་ནག་པོ་ཚང་བྱས་པས། བྱང་ངོས་ན་མཆོད་ཁང་ཞིག་གི་ནང་ན་གསེར་གྱི་མཆོད་རྟེན་ཅན་ཞིག་ན་སྔགས་པ་བགྲེས་པོ་ཅིག་ཏུ་ཡོད་པའི་ཚེ་མཚན་བརྗོད་མང་དུ་བཤད། དེ་དུས་ཀྱི་འགྲེལ་པ་སྔགས་དོན་རྣམས་གཟིགས་པ་ཡིན། དེའི་དབུ་ན། ཐོབ་དཀའ་རྒྱུད་དང་སྤྱོད་པ་ཡིས། །མཚན་གྱི་དོན་རྣམས་བསྡུས་པ་ཡིན། །བྱ་བ་བྲིས་པ་ཞིག་ཡོད། དེ་ད་ལྟ་སྒམ་འདི་ན་བཞུགས། དེ་ཙ་ན་མཚལ་གྱིས་བྲིས་པ་ཡི་གེ་བཤར་མར་འདུག་པ་དྲན། སྒོ་མཐའ་ཡས་པའི་བློ་གྲོས་ནས་མེས་ལྷང་ཚོར་བར་དུ་སྐྱེ་བ་དྲུག་དྲན་ནོ་ཟེར། རྗེ་