[A:༥༤]ལགས་ཞུས་པས། བླ་མ་ན་རེ། ཇོ་སྲས་ཉིད་བརྫུན་མ་གསུངས། ངའི་བླ་མ་ལ་སྲས་མི་མངའ་བ་ཡིན་ཟེར་བ་ལ། རྡོ་རྗེ་ཕྱུག་མོ་ལ་མེད་པས་བླ་ཆེན་གྱིས་ལན་འདེབས་མ་ནུས་པ་ལ། གྲོགས་ཀུན་གྱིས་རྒྱུ་མཚན་བཤད་དེ། རྡོ་རྗེ་ཕྱུག་མོ་ལ་མེད་དེ། ལོགས་སུ་ཞང་མོ་བྱ་བ་ལ་འདི་ལྟར་བྱོན་པ་ལགས་ཞུས་པས། བླ་མའི་ཞལ་ནས་མི་གསོན་གཤིན་མི་འཕྲད་ཟེར་ཏེ། འཕྲད་པའི་དུས་བྱུང་ཟེར་ནས་བླ་ཆེན་པང་དུ་བཞེས། སྤྱན་ཆབ་ཕྱུང་ནས་རྒན་པོ་གོགས་པོ་འདིའི་ནང་ན་ཆོས་ཡོད་པས་ཁྱེད་ལ་སྟེར་བ་ཡིན་པས་མྱུར་དུ་ཤོག །ག་ལེ་ཡོང་སྙམ་ན་སོང་ཕོད་ནི་ང་འཆི་བ་ཡིན་གསུངས་ནས། བླ་ཆེན་གྱིས་དེར་ཞག་གཅིག་བཞུགས་ཏེ་དེའི་བར་ལ་བླ་མས་ལམ་འབྲས་བུ་དང་བཅས་པའི་མན་ངག་འདི་ལ་དཀྱུས་སུ་གསུངས་པ་འདི་ཙམ་ཞིག་ཡོད། དེ་ལ་འཕྲོས་དང་གེགས་སེལ་ལ་སོགས་པ་འདི་ལྟར་ཡོད་ཀྱི་རྐང་གྲངས་དང་བཅས་པ་ཡམ་མེ་བ་ཞིག་གསུངས། དེ་ནས་ཡར་བྱོན་ནས་མཁར་ཆུང་དུ་བཞུགས་དགོངས་ནས། ཁྲེས་པོ་ཚུན་ཆོད་སྦྲགས་ཡོད་ཙ་ན། ཁོང་གི་བྲང་རོགས་སྟོན་པ་རྡོ་རྗེ་འོད་ཟེར་དང་ཞང་བཙུན་རཱ་ཛ་བྱ་བ་གཉིས་ན་རེ། བླ་མ་འདིས་ངེད་གྲྭ་བ་འདི་ཙམ་གྱི་ནང་ནས་ཁྱེད་ཁོ་ན་ཐུགས་ལ་འདོགས་པར་འདུག །སྤྱིར་ཡང་གསང་སྔགས་པ་བྱ་བ་གང་ཡང་བླ་མ་ལ་ཞུ་དགོས་པ་ཡིན་པས། བླ་མ་ལ་ཞུས་ལ་སོང་ཟེར་བ་བདེན་སྙམ་ནས་ཞུས་པས། བླ་མའི་ཞལ་ནས་ཁྱེད་ཅི་ལ་འགྲོ་གསུངས། གདམས་ངག་ཅིག་ཞུ་བ་ལགས་བྱས་པས། ཚོད་མ་ཆུང༌། དེ་སེ་ལྕེ་ལ་རེ་བྱ་བ་ཡིན། གདམས་ངག་པ་ཅིའང་མེད། ངའི་བླ་མ་མངའ་རིས་པའི་ཆོས་ཀྱི་བྲལ་བྲུལ་འདྲ་བསྒྲུགས་ནས་འཆད་པ་ཡིན་གསུངས་ནས་འགྲོར་མ་གནང༌། དེར་བླ་མས་མ་གནང་